༄༅།   །ཡུ་རོབ་བོད་རིགས་མང་ཚོགས་ནས་ཕྱི་ལོ་༢༠༡༥ ལོའི་གསུམ་དུས་དང་བསྟུན་ཕ་རན་སི་རྒྱལ་ས་པེ་རི་སིར་གཞི་རྒྱབ་ཆེ་བའི་མང་ཚོགས་འདུ་འཛོམས་ Stampa

༄༅། །ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཐོུང་ནས་ཕྱི་ལོ་༢༠༡༥ ཟླ་༣ ཚེས་༡༤ ཉིན་པེ་རི་སིར་གོ་སྒྲིག་ཞུ་རྒྱུའི་གསུམ་དུས་ལས་འགུལ་ཆེད་"ཡུ་རོབ་བོད་དང་མཉམ་དུ་ཡོད་" "Europe Stands with Tibet"ཞེས་པའི་དྲ་རྒྱ་ཞིག་ད་རིང་ཡོངས་ཁྱབ་ཏུ་གསལ་བསྒྲགས་ཞུ་རྒྱུ་ཡིན། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་མང་ཚོགས་འདུ་འཛོམས་ཐོག་གསུང་བཤད་གནང་གཏན་འཁེལ་ཡོད།

www.europe-stands-with-tibet.org ཞེས་པའི་དྲ་རྒྱའི་ནང་གོང་གསལ་ལས་འགུལ་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་གསལ་ཡོད་ན། ཚང་མས་ཞིབ་ཏུ་ཐུགས་སྣང་དང་སྦྲགས་གཅིག་ལ་གཅིག་བརྒྱུད་ངོ་སྤྲོད་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། འདུ་འཛོམས་ཀྱི་ལས་འགུལ་སྐབས་ཆེད་ཕེབས་སྐུ་མགྲོན་དང་གསུང་བཤད་གནང་མཁན་གྱི་གནད་ཡོད་མི་སྣ་རྣམས་ཀྱི་མཚན་གནས་རིང་མིན་ཕྱི་ཟླ་༣ ཟླ་འགོར་གསལ་བསྒྲགས་ཞུ་རྒྱུ་ཡིན།


 

ལས་འགུལ་གྱི་འབྲེལ་མཐུད་པ་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོས་གསུང་དོན། "ལས་འགུལ་གྱི་གྲ་སྒྲིག་ཤིན་ཏུ་ཡག་པོ་ཡོང་བཞིན་འདུག དཔལ་ལྡན་སྲིད་སྐྱོང་མཆོག་ལས་འགུལ་ལ་མཉམ་བཞུགས་གནང་རྒྱུའི་ཞལ་བཞེས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ལས་འགུལ་འདི་གཞི་རྒྱ་ཆེ་བ་དང་ཚགས་ཚུད་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད།" ཡུ་རོབ་ཁུལ་གྱི་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་དབང་པོ་བཀྲས་མཐོང་རྣམས་གཉིས་ཀྱང་ལས་འགུལ་གྱི་གོ་སྒྲིག་ཐོག་མཉམ་བཞུགས་བྱེད་མུས་ཡིན། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་ནས་གསུང་དོན། "ཡུ་རོབ་བོད་དང་མཉམ་དུ་ཡོད་"ཞེས་པའི་ལས་འགུལ་འདིའི་བརྒྱུད་ཡུ་རོབ་མི་མང་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་རྒྱབ་བསྐྱོར་ཇི་ཡོད་མངོན་གསལ་དུ་འདོན་དགོས་པའི་རེ་བ་ལྟར་གོ་སྒྲིག་ཞུ་བ་ཞིག་ཡིན། ཕྱག་རོགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་གསུང་དོན། "ལས་འགུལ་འདིར་བོད་མི་ཙམ་མིན་པར་ཡུ་རོབ་ཁུལ་གྱི་བོད་ཀྱི་གྲོགས་པོ་གང་མང་མཉམ་བཞུགས་ཐུབ་པར་ཚང་མས་འབད་རྩོན་གནང་དགོས།"

གསུམ་དུས་ཀྱི་གཞི་རྒྱ་ཆེ་བའི་མང་ཚོགས་འདུ་འཛོམས་ཀྱི་ཉིན་མོ་དང་བསྟུན་Europe Stands with Tibet-On the Freedom Struggle of the Tibetan People ཞེས་པའི་བོད་དོན་རྒྱབ་སྐྱོར་དྲིལ་བསྒྲགས་ཡིག་ཆ་གསལ་བསྒྲགས་ཞུ་རྒྱུ་དང་། ཆབས་ཅིག་ཡུ་རོབ་ཁུལ་མང་ཚོགས་ནས་བོད་དོན་རྒྱབ་སྐྱོར་སླད་ས་རྟགས་བསྡུ་རུབ་ཞུ་རྒྱུ་ཡིན། རྒྱབ་སྐྱོར་ཡིག་ཆ་དེར་ཐོག་མ་ཡུ་རོབ་ཁུལ་གྱི་གནད་ཡོད་མི་སྣ་ཁག་ནས་༸གོང་ས་མཆོག་གི་དགོངས་བཞེད་འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་རིགས་ལ་རྒྱབ་སྐྱོར་མཚོན་བྱེད་མཚན་རྟགས་བསྡུ་ལེན་ཞུ་རྒྱུ་ཡིན། རྒྱ་སྐྱོར་དྲིལ་བསྒྲགས་ཡིག་ཆ་འདི་ཕྱི་ཟླ་༣ ཚེས་༡༤ ནས་ཡུ་རོབ་ས་གནས་གང་སར་འགྲེམས་སྤེལ་ཞུས་ཏེ་ཡུ་རོབ་ཁུལ་གྱི་ཆབ་སྲིད་དང་ཆབ་སྲིད་འབྲེལ་མེད་ཀྱི་མི་སྣ་གྲགས་ཅན་དང་། མང་ཚོགས་སྤྱི་བྱིངས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ཞུས་ཏེ་ཕྱི་ཟླ་༧ ཚེས་༦ ཉིན་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མཇུག་བསྒྲིལ་ཞུ་རྒྱུ་དང་སྦྲགས་གྲུབ་འབྲས་གནས་སྟངས་ཡོངས་ཁྱབ་གསལ་བསྒྲགས་ཞུ་འཆར་ཡིན།

ལས་འགུལ་འདི་དང་འབྲེལ་བའི་ཐོག་ཡུ་རོབ་སྤྱི་མཐུན་གྱི་འབྲེལ་ཡོད་ལས་ཁུངས་ཁག་དང་། ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་སོ་སོའི་འབྲེལ་ཡོད་གཞུང་གི་ལས་ཁུངས་ཁག་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྣ་མང་སྤེལ་འཆར་ཡོད།

པེ་རི་སིར་སྲུང་བརྩི་ཞུ་རྒྱུའི་གསུམ་དུས་ཐེངས་༥༦ པའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས་༢༠༡༥ ཟླ་༡ ་ཚེས་༢༩ ཉིན་པེ་རི་སི་དང་། སྦར་སིལ། སྦར་སི་ལོ་ན། ཛུ་རིག་བཅས་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས་པའོ།

 

འབྲེལ་གཏུགས་ཞུ་ཡུལ།

༡། ཐུབ་བསྟན་རྒྱ་མཚོ། གསུམ་དུས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་མཐུད་པ། (བོད་སྐད་དང་ཕ་རན་སི་སྐད།)+༣༣ ༨༠ ༧༢ ༩༠ ༥༤

༢། སྤྱི་འཐུས་ཐུབ་བསྟན་དབང་ཆེན། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། (བོད་སྐད་དང་སེ་པེན་སྐད།)  +༣༤ ༦༥༤ ༨༦༥ ༦༥༥

༣། སྤྱི་འཐུས་དབང་པོ་བཀྲས་མཐོང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། (ཇར་མེན་སྐད་དང་བོད་སྐད།)  +༤༡ ༧༨ ༧༤༤ ༣༠ ༡༠